Welcome

ཆོས་དུང་དཀར་པོ་ནི། དཔལ་ལྡན་ས་སྐྱའི་ངོ་མཚར་རྟེན་བཞིའི་གྲས་ཀྱི་གཅིག་ཡིན་པ་དང་། དེ་ནི་ལྷའི་དབང་པོ་རྒྱ་བྱིན་གྱིས་སྟོན་པར་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་འདེབས་པའི་ཆེད་ཕུལ་བར་གྲགས་ཤིང་། དེ་ཉིད་རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལས་ཇོ་བོ་ཤཱཀྱ་མུ་ནི་དང་ལྷན་དུ་རྒྱ་ནག་གི་རྒྱལ་པོ་ལ་སྐྱེས་སུ་བསྐུར་ཞིང་། སེ་ཆེན་གྱིས་རྒྱལ་པོའི་དཀོར་མཛོད་ནས་བླངས་ཏེ། འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་ལ་མངའ་བསྒྱུར་བའི་ལུང་འབུལ་བའི་ཚེ་ཕུལ་བར་གྲགས། དེས་ན་ཆོས་དུང་དཀར་པོ་ནི། སྟོན་པ་སངས་རྒྱས་ཀྱི་ལུང་གི་ཆོས་དང་། དཔལ་ས་སྐྱ་པའི་ཆོས་སྲིད་ཀྱི་ལུང་དང་འབྲེལ་བའི་ལོ་རྒྱུས་ཀྱི་མཚོན་རྟགས་ཤིག་ཡིན།
ཆོས་དུང་དཀར་པོ་ཞེས་པའི་དུས་དེབ་འདི་ནི། ཐོག་མར་སྙན་ངག་ཚུད་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩོམ་རིག་དུས་དེབ་ཞིག་ཏུ་འདོན་སྤེལ་བྱས་པ་ནས་རིམ་བཞིན་ཞིབ་འཇུག་རང་བཞིན་གྱི་དུས་དེབ་ཞིག་ཏུ་འདོན་སྤེལ་བྱེད་བཞིན་ཡོད། དེ་ནི་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་ཆེད་གླེང་སྟེགས་ཤིག་ཡིན་ཞིང་། གླེང་སྟེགས་འདིའི་ཐོག་ནས་ཚན་རིག་གི་ཞིབ་འཇུག་ཚད་གཞི་དང་། ཐབས་ལམ་ལག་ལེན་བྱས་པའི་ཞིབ་འཇུག་ཆེད་རྩོམ་འབྲི་བར་བསྐུལ་འདེད་བྱེད་བཞིན་ཡོད།  
རྩོམ་ཡིག་གི་བརྗོད་གཞི་ནི། 
  • སྐྱེས་བུ་དང་། གསུང་རྩོམ། གནས་གཞི་བྱེ་བྲག་པ་དང་འབྲེལ་བའི་ཆེད་རྩོམ། 
  • གཙུག་ལག་རིག་ཚན་བྱེ་བྲག་པའི་སྐོར་ལས་བརྩམས་པའི་ཆེད་རྩོམ།
  • དཔེ་དེབ་ངོ་སྤྲོད་དང་སྐྱར་ཞིབ་སོགས་ཡིན།
ཞིབ་འཇུག་གི་ཆེད་རྩོམ་དེ་དག་ཀྱང་རང་གི་རྟོག་པ་འཆར་ཡན་དང་མ་འབྲེལ་བར་དེང་གི་ཞིབ་འཇུག་གི་བྱ་ཐབས་ལྟར་དངོས་སྟོབས་ཀྱི་རིགས་པ་དང་། རྒྱབ་བརྟེན་གྱི་ལུང་གང་ནས་བྱུང་བའི་ཁུངས་དང་བཅས་པ་ཁ་གསལ་འཁོད་ཞིང་། རྩོམ་ཡིག་ནང་ཐོན་པའི་མི་སྣ་དང་། ས་གནས། དཔེ་དེབ་ཀྱི་མིང་སོགས་ལ་འཁྲུལ་གཞི་མི་ཡོང་བའི་ཆེད་(དཀྱུས་སུ་ཆ་ཚང་འབྲི་བ་མི་བདེ་ན་)མཆན་བུ་འདོགས་པ་དང་། ཟུར་བཀོལ་སོགས་ཀྱི་ནང་གསལ་བཤད་ཁ་གསལ་བྱེད་དགོས། 




Welcome Welcome Reviewed by Chodung Karpo on 1:58 AM Rating: 5